ཕྱོགས་ཆོས་ཀྱི་སྐོར་ལ་

ཕྱོགས་ཆོས་སྒྲུབ་པ་ལ་རྩོད་གཞི་དེ་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་མིན་ལ་རག་ལས་ཀྱི་རེད། གལ་སྲིད་རྩོད་གཞི་དེ་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ན་ཕྱོགས་ཆོས་སྒྲུབ་པ་རེད། ཕྱོགས་ཆོས་སྒྲུབ་སོང་ན། རྟགས་དེ་རྟགས་ཡང་དག་ཆགས་ཀྱི་རེད། དཔེར་ན་ངས་སྒྲ་མི་རྟག་པ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་གང་ཟག་དེ་ལ་བཀོད་པའི་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་དེ་ལ་རྟགས་ཡང་དག་རེད། དེའི་ནང་ལོགས་ལ་བྱས་པ་དེ་རྟགས་ཡང་དག་རེད། རྟེན་རེད། ཕྱོགས་ཆོས་རེད། ཁྱབ་པ་ཡང་རེད། དོན་གཅིག་མིང་གི་རྣམ་གྲངས་ཡིན་ས་རེད་དམ། རྟགས་ལ་ཕྱོགས་ཆོས་ཀྱི་མིང་བཏགས་ནས་དམིགས་གསལ་གྱི་དོན་ཡོད་རེད་དམ། འགྲེལ་བཤད་གཅིག་གནང་རོགས་གནང་། ཡང་ གོང་གི་གོ་བ་ལེན་སྟངས་དེ་ཚོ་ཏག་ཏག་རེད་དམ། ནོར་སོང་ན་ནོར་བཅོས་གནང་རོགས།

རེད་རེད། རྟགས་དེ་ཕྱོགས་ཆོས་རེད། རྗེས་ཁྱབ་རེད། ལྡོག་ཁྱབ་རེད། ངས་དཔེ་ཆ་དེའི་ཡི་གེ་ལྟ་ནས་ཕྱོགས་ཆོས་དང་ཁྱབ་པ་དོན་གཅིག་རེད་བསམ་བསམ་འདུག

འོ་རེད། དཔེར་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་སྒྲུབ་པའི་ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ་གསུམ་དོན་གཅིག་ལབ་ན་འགྲིག་གི་རེད། བྱས་པ་དེ་གསུམ་ཀ་རེད། ཡིན་ནཡང་། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ལབ་ན། བྱས་པ་དེ་སྒྲ་རྟག་པ་སྒྲུབ་པའི་ཕྱོགས་ཆོས་རེད། ཡིན་ནའང་བྱས་པ་དེ་སྒྲ་རྟག་པ་སྒྲུབ་པའི་རྗེས་ཁྱབ་དང་། ལྡོག་ཁྱབ་མ་རེད། གང་ཡིན་ཟེར་ན། སྒྲ་རྟག་པ་སྒྲུབ་པའི་རྗེས་ཁྱབ་དང་། ལྡོག་ཁྱབ་ཡོད་མ་རེད།