གི་ གྱི་ ཀྱི ། གིས་ གྱིས་ ཀྱིས་

གི་ གྱི་ ཀྱི ། གིས་ གྱིས་ ཀྱིས་ ག་དུས་བེད་སྤྱོད་དགོས་གི་རེད།

འབྲེལ་སྒྲ་དང་བྱེད་སྒྲའི་ཁྱད་པར་རེད།

སོ་སོའི་རྗེས་བཏགས་ག་རེ་རེད།

གི་ ཀྱི་ གྱི་ འི་ ཡི། ཚང་མ་དོན་གཅིག་པ་རེད། ཚང་མ་འབྲེལ་སྒྲ་རེད། མིང་ཚིག་གཉིས་བར་དང་། ཡང་ན་མིང་ཚབ་གཉིས་བར། དེ་བཞིན་མིང་ཚིག་དང་མིང་ཚབ་གཉིས་བར་འབྲི་དགོས།

ཕྲད་ཀྱི་འགྲོ་སྟངས་དང་དཔེར་བརྗོད་འོག་ལ་གསལ་པོ་བཟོས་ཡོད།

རྗེས་འཇུག ག་ང་ད་ན་བ་མ་འ་ར་ལ་ས། མཐའ་མེད།(རྗེས་འཇུག་མེད་པ།)

ག་ང་=གི།
དཔེར་ན། བདག་གི་མིག ཁྱེད་རང་གི་མིག

ད་བ་ས་=ཀྱི།
དཔེར་ན། ཁྱེད་ཀྱི་མིག ཤེས་རབ་ཀྱི་མིག བཀྲ་ཤིས་ཀྱི་མིག

ན་མ་ར་ལ་= གྱི།
དཔེར་ན། ཡོན་ཏན་གྱི་མིག ཐོས་བསམ་གྱི་མིག ཤར་གྱི་གངས་རི།

རྗེས་འཇུག་འ་དང་། རྗེས་འཇུག་མེད་པ། = ཡི/འི།

དཔེར་ན། ལྷོ་ཡི་གངས་རི། ནམ་མཁའི་བྱ།

གིས་ ཀྱིས་ གྱིས་ འིས་ ཡིས། ཚང་མ་དོན་གཅིག་པ་རེད།
ཚང་མ་བྱེད་སྒྲ་རེད། དངོས་པོ་ཞིག་གིས་བྱ་བ་བྱེད་དུས་འབྲི་དགོས། འདི་བྱེད་འབྲེལ་ལས་ཚིག་གཅིག་པུར་འབྲི་དགོས། བྱེད་མེད་ལས་ཚིག་ལ་བྲིས་ན་ནོར་བ་རེད།

ཕྲད་ཀྱི་འགྲོ་སྟངས།
ག་ང་=གིས།
དཔེར་ན། བདག་གིས་ཁ་སང་མོག་མོག་བཟས་པ་ཡིན། ཁྱེད་རང་གིས་དེབ་ག་རེ་ཀློག་གི་ཡོད།

ད་བ་ས་=ཀྱིས།
དཔེར་ན། ཁྱེད་ཀྱིས་ང་ལ་རོགས་པ་བྱེད་རོགས། ཤེས་རབ་ཀྱིས་མོག་མོག་ཉི་ཤུ་བཟས་སོང་། ཁ་སང་བཀྲ་ཤིས་ཀྱིས་རྫུན་མ་བཤད་སོང་།

ན་མ་ར་ལ་= གྱིས།
དཔེར་ན། ཡོན་ཏན་གྱིས་ང་ལ་བལྟས་སོང་། ཁ་སང་ཐོས་བསམ་གྱིས་ཁ་ལག་ཞིམ་པོ་བཟོས་སོང་། གེ་སར་གྱིས་འདྲེ་མང་པོ་བསད་འདུག

རྗེས་འཇུག་འ་དང་། རྗེས་འཇུག་མེད་པ། = ཡིས་/འིས།

དཔེར་ན། དྷ་ནི་ཡིས་བོད་སྐད་སྦྱོང་གི་འདུག