རྟེན་འབྲེལ་ཡན་ལག་བཅུ་གཉིས། མ་རིག་པ་དང་འདུ་བྱེད།

རྟེན་འབྲེལ་ཡན་ལག་བཅུ་གཉིས་ནང་། ཡན་ལག་དང་པོ་མ་རིག་པ་ནི། ལས་རྒྱུ་འབྲས་ལ་རྨོངས་པ་དང་། ཁོ་ན་ཉིད་ལ་རྨོངས་པ་དེ་གཉིས་ཡིན་པ་གསུང་ཡོད།

གཞན་ཡང་ཡན་ལག་གཉིས་པ་འདུ་བྱེད་ནི། འདུ་བྱེད་ཀྱི་ལས། ཡང་ན་ལུས་ངག་ཡིད་ཀྱི་སྒོ་ནས་བསགས་པའི་དགེ་བའི་ལས་དང་མི་དགེ་བའི་ལས། མི་གཡོ་བའི་ལས་དང་བཅས་གསུམ་ཡིན་གསུང་ཡོད།

འོན་ཀྱང་། ཡན་ལག་གསུམ་པ་རྣམ་ཤེས་དེ་མ་འབྱུང་སྔོན་ལ། རྨོངས་པའི་ཚུལ་དེ་དག་དང་། འདུ་བྱེད་ཀྱི་ལས་བསགས་ཚུལ་ཇི་ལྟར་ཡོད་དམ།

ཡན་ལག་གསུམ་པའི་རྣམ་ཤེས་དེ་རྣམ་ཤེས་རགས་པ་ལ་གོ་དགོས་སམ། ཡན་ལག་དང་པོ་དང་གཉིས་པ་དེ་དག་རྣམ་ཤེས་ཕྲ་མོའི་ཐོག་ནས་འབྱུང་ངམ། འབྱུང་ཚུལ་གང་ཡིན་ནམ།

རྟེན་འབྲེལ་ཡན་ལག་བཅུ་གཉིས་ནང་། ཡན་ལག་དང་པོ་མ་རིག་པ་ནི། ལས་རྒྱུ་འབྲས་ལ་རྨོངས་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་ཡོད།
འདུ་བྱེད་ཀྱི་ལས། ཡང་ན་ལུས་ངག་ཡིད་གསུམ་གི་སྒོ་ནས་བསགས་པའི་དགེ་བའི་ལས་དང་། མི་དགེ་བའི་ལས། མི་གཡོ་བའི་ལས་དང་བཅས་གསུམ་ཡོད།
གཉིས་པ་འདུ་བྱེད་ཀྱི་ལས་དེ་སེམས་བྱུང་སེམས་པ་ཡིན་པས་ཤེས་པ་དང་། ལས་དེ་སྐད་གཅིག་གཉིས་པ་ནས་གསུམ་པ་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་སམ་ནུས་པ་ཞིག་གི་ངོ་བོར་གནས་ཀྱི་ཡོད། ལས་དེ་ནུས་པའི་ངོ་བོར་གྱུར་མཚམས་སུ་དེ་འདྲ་བའི་རྣམ་ཤེས་དེ་ལ་རྣམ་ཤེས་ཀྱི་རྟེན་འབྲེལ་ཟེར། རྣམ་ཤེས་དེའི་རྒྱུན་སྔར་ནས་ཡོད་ཀྱང་རང་གི་སྟེང་དུ་ནུས་པ་དེ་མེད་པའི་སྐབས་སུ་དེ་ལ་རྣམ་ཤེས་ཀྱི་རྟེན་འབྲེལ་ཟེར་གྱི་མེད།
རྣམ་ཤེས་དེ་ལ་གནས་སྐབས་དང་། གཏན་དུ་ནུས་པ་འཇོག་སའི་རྣམ་ཤེས་གཉིས་ཡོད་པ་གསུངས་ཡོད།